མིག་སྔའི་གནས་ས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། / ལྷ་སར་སྐྱོད་པ། /  ལྷ་སའི་མཛེས་ལྗོངས། / གཞན་དག

རྫོང་རྒྱབ་ཀླུ་ཁང༌།

ཁྱབ་བསྒྲགས་དུས་ཚོད། 2015-02-27 17:29
ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་རླུང་འཕྲིན།
ཆེ། འབྲིང་།ཆུང་།

ཕོ་བྲང་པོ་ཏཱ་ལའི་རྒྱབ་ཏུ་གནས་པའི་ཀླུ་ཁང་དེ་ནི།  སྤྱི་ལོའི་དུས་རབས་བཅུ་བདུན་པར་རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་པོ་ཏཱ་ལ་རྒྱས་སྐྲུན་མཛད་སྐབས་གནས་དེ་ནས་ས་བསྔོག་པས་རྗེས་སུ་མཚིའུ་དེ་ཆགས།  རྫིང་བུའི་དབུས་སུ་བྲག་རི་ཆུང་ཆུང་ཞིག་ཡོད་པ་ལ་སྒྲུབ་ཕུག་གཅིག་ཀྱང་ཡོད་ཟེར་བ་ལ་རྒྱལ་བ་སྐུ་ཕྲེང་དྲུག་པས་བོད་ལ་ཆར་ཆུ་དུས་སུ་བབས་ཆེད་དུ་ཀླུ་ཁང་དེ་བསྐྲུན་གནང་མཛད།  དེ་རྗེས་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དུས་ཕོ་བྲང་ཐོག་བརྩེག་གསུམ་ལྡན་ཕྱོགས་བཞིར་སྒོ་བཞི་ཅན་འདི་བསྐྲུན་གནང་མཛད་པ་ནི།  ད་ལྟ་མཇལ་རྒྱུ་ཡོད་པའི་དབྱིབས་དེ་ཡིན།
ཀླུ་ཁང་དེའི་འོག་ཤོད་དུ་ཀླུ་མལ་གྲོ་གཟི་ཅན་གྱིས་གཙོས་ཀླུ་ཆེན་བརྒྱད་ཀྱིས་སྐོར་བ་དང་བར་ཐོག་ཏུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་སྐུ་བརྙན།  སྟེང་ཐོག་ཏུ་རྒྱལ་བའི་གཟིམ་ཆུང་གི་ལྡེབས་རིས་སུ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་དང༌།  རྩ་རླུང་འཕྲུལ་འཁོར་དང༌།  ཞི་ཁྲོའི་ལྷ་ཚོགས་ཀྱི་དཔེ་རིས།  ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཡོད།  རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང༌།  པཎ་ཆེན་བསྟན་པའི་ཉི་མ་རྣམ་གཉིས་གནས་དེར་ཀླུ་འབུམ་སྒྲུབ་གནང་གིས་ཆར་འབེབས་གནང་བ་ཡིན།  དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་ནས་དགེ་འདུན་རེ་གཏོང་གནང་དགོས།  སྔོན་ས་ག་ཟླ་བའི་ཚེས ༡༥ ཉིན་ལྷ་སའི་མང་ཚོགས་རྣམས་སྔ་དྲོ་གླིང་སྐོར་དང་ཕྱི་དྲོ་གནས་དེར་འཛོམས་ཏེ་ཀོ་གྲུ་བཏང་ནས་གཞས་དང༌།  རྣམ་ཐར་གཏོང་བ་དང༌།  ཀླུ་ཁང་ལ་ཆོས་མཇལ་ཞུ་བ།  ནང་མའི་སྐྱིད་སྡུག་ཅེས་པའི་གླུ་རོལ་ཚོགས་པས་གླུ་གཞས་དང་རོལ་མོ་གཏོང་བ་སོགས་བྱེད།  ཀླུ་ཁང་དེ་ནས་ཕོ་བྲང་པོ་ཏཱ་ལའི་སྐུ་རྒྱབ་ཡོང་རྫོགས་མཇལ་ཐུབ་པ་དང༌།  མཐའ་འཁོར་དུ་ལོ་མང་སོང་བའི་ལྗོན་ཤིང་གོག་པོས་བསྐོར་ནས་ཡོད་པ།  ཀླུ་ཁང་དེའི་ལྷོ་ངོས་སུ་གླང་པོ་ཆེའི་སྡོད་གནས་ཏེ་གླང་ཁང་ཞེས་པ་ཡོད།  གླང་ཆེན་གྱི་འཐུང་ཆུ་ནི་ཀླུ་ཁང་གི་རྫིང་བུའི་ཆུ་དེ་མ་ཡིན་པར་བྲག་ལྷ་ཀླུ་སྒུག་ཏུ་འགྲོ་སའི་ལམ་དུ་ཆུ་མིག་ཞིག་ཡོད་པས་དེར་ཉིན་ལྟར་གླང་རྫི་བོས་ཆུ་སྟེར་བར་ཁྲིད་དགོས།  གླང་ཆེན་པོ་ཏཱ་ལའི་མདུན་དུ་འབྱོར་སྐབས་ཕོ་བྲང་ལ་ཁ་སློག་ནས་མཆུ་ཏོས་གུས་ཞབས་མཚོན་བྱེད་ལན་གསུམ་བྱེད།  དེ་ནས་ཆུ་བཏུངས་ཚར་རྗེས་བྲག་སྒོ་ཀ་ལིང་འོག་ནས་རང་གནས་སུ་འཁྲིད་འགྲོ་བ་ཡིན།  ད་ལྟ་ཀླུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་རྒྱ་རྡོ་ལས་གྲུབ་པའི་གཞུ་དབྱིབས་ཅན་གྱི་ཟམ་པའང་བསྐྲུན་པས་འགྲོ་སྟབས་བདེ་པོ་ཡོད།  ཕྱིས་སུ་དེའི་མཐའ་ཁོར་སྤྱི་གླིང་ཡང་ལེགས་པར་སྐྲུན་ཡོད་པས་མི་ཚོས་འགྲོ་འདོད་ཆེན་པོ་བྱེད་པའི་ཡུལ་སྐོར་དང་སྤྲོ་གསེང་གི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།།

འགན་ཁུར་རྩོམ་སྒྲིག བོད་ལྗོངས་རླུང་འཕྲིན་དྲ་བ།

བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།